༈ ཞེས་པའི་མངའ་ནི་མངའ་ཐང་ལོངས་སྤྱོད་ཀྱི་རྒྱུ་ཡོ་བྱད་དང། དབུལ་ནི། འབུལ་བའི་མ་འོངས་བའི་ཚིག་སྟེ། དཔེར་ན། བསྐང་གསོའི་ལྷ་མོ་དང་ཞལ་བཞི་པའི་ཆས་འབུལ་ཞེས་པ་ལྟ་བུའོ། །འདི་ལ་གཉིས། སྤྱིའི་ མངའ་དབུལ་དང། བྱེ་བྲག་གི་མངའ་དབུལ་ལོ། །དང་པོའི་སྡོམ་ནི། ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། ། གདུགས་སོགས་འབྲུ་དང་རིན་ཆེན་ལྔ། །སྨན་དང་བཀྲ་ཤིས་སྤྱི་ཡིའོ། །ཞེས་པ་ལྟར་རོ། གཉིས་པ་བྱེ་བྲག་གི་མངའ་དབུལ་ལ་གསུམ་སྐུ་གཟུགས་ཀྱི་མངའ་དབུལ། གླེགས་བམ་གྱི་མངའ་དབུལ། མཆོད་རྟེན་གྱི་མངའ་དབུལ་ལོ། ། དང་པོའི་སྡོམ་ནི། སྤུ་གྲི་འདྲེག་སྤྱད་སོ་མངས་དང། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། །ཞེས་པའོ། །གཉིས་པའི་སྡོམ་ནི། ཁྲི་གོས་གླེགས་ཤིང་གླེགས་ཐག་གོ་ཞེས་པའོ། །གསུམ་པའི་སྡོམ་ནི། སྲོག་ཤིང་འཁོར་ལོ་ཅོད་ པན་འཕན། །རྒྱལ་མཚན་གདུགས་དང་འཕྲེང་བ་གདན། །ཞེས་པའོ། །འདི་ནི་ཆོ་ག་ཤིན་ཏུ་དཀའ་བ་ཞིག་སྟེ། དཔེར་ན་སྐུ་གཟུགས་ཀྱི་མངའ་དབུལ་གྱི་ནང་ཚན་ཚེམས་ཤིང་ལ་མཚོན་ན། རྒྱལ་བའི་ཚེམས་དཀར་བཞི་ [009B] །མི་གཙང་རྡུལ་གྱིས་མ་གོས་ཏེ། །བཀུར་སྟིང་རིན་ཆེན་ལྗོན་ཤིང་གིས། །རྒྱལ་བའི་ཚེམས་ནི་དབྱི་བར་བྱ། །དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་བསྒྱུར་ཡང། །བདག་ཅག་དང་ པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱང་ཐོབ་པར་ཤོག་ཨོཾ་བཛྲ་དནྦྷ་ ཞེས་གསེར་དངུལ་ལས་བྱས་པའི་ཚེམས་ཤིང་གིས་ཕྱེ་ཞིང་འདྲུ་བའི་ཚུལ་བྱའོ། །ཞེས་ གསུངས་པ་ལྟར་རོ། །དེ་ཡང་རབ་གནས་རྒྱས་འབྲིང་བསྡུས་གསུམ་དང། རྒྱས་པ་ལའང་རྒྱས་འབྲིང་བསྡུས་གསུམ་ཕྱེ་ནས། རྒྱས་པའི་རྒྱས་པར་གཞུང་ཡོངས་རྫོགས་དང། རྒྱས་པའི་འབྲིང་པོར་ཚིགས་བཅད་དང་པོ་དང་ སྔགས་གཉིས་ཙམ་དང། རྒྱས་པའི་བསྡུས་པར་སྔགས་རྐྱང་པ་ཙམ་དང། རབ་གནས་འབྲིང་པོར་སྤྱིའི་མངའ་དབུལ་ཙམ་བྱེད་པར་གསུངས་པའི་ཤུགས་ལ། རབ་གནས་བསྡུས་པར་མངའ་དབུལ་འབྲིང་པོ་ཙམ་མམ། མཎྜལ་གྱི་སྟེང་དུ་མཁོ་ དགུའི་ཡོ་བྱད་ཐམས་ཅད་ཡོད་པར་མོས་ནས་འབུལ་བའམ། མེད་ཀྱང་ཆོག་པར་མངོན་ལགས་